སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་གྱིས་རྒྱུན་མཐུད་འབད་བརྩོན་ནས་གྲུབ་འབྲས་གཡར་དུ་ཟ་བ་བླངས།
༢༠༡༥ལོར་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་པ་སྒྲིག་འཛུགས་རྣམ་པས་བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་རོགས་སྐྱོར་ལས་འགན་འཁུར་བའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་འགན་འཁྲི་དང་འགན་འཁྲི་དང་ལེན་གྱི་སྙིང་སྟོབས་ཆེན་པོར་བརྟེན་ནས་སྔ་རྗེས་སུ་ཁག་དགུ་ཡི་མི་སྣ་ཆིག་སྟོང་བདུན་བརྒྱ་ལྷག་གི་ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་སྨན་བཅོས་འཇོན་མི་བོད་ལྗོངས་ལ་མངགས་ནས་ལས་དོན་བསྒྲུབས་པ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་གནས་དང་གྲོང་ཁྱེར་བདུན་གྱི་མི་དམངས་སྨན་ཁང་། རྫོང་རིམ་པའི་སྨན་ཁང་བཅུ་གསུམ་བཅས་རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་རྣམས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་རང་གི་སྒོ་ཁ་ནས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱད་ཐུབ་པ་བྱུང་། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ། མ་དངུལ་དང་སྒྲིག་ཁོངས། སྡོད་ཁང་སོགས་ཀྱི་ཐད་འགན་སྲུང་ནུས་ལྡན་བྱས་ནས། ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་བ་རེད།
སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བའི་དམིགས་འབེན་ལྔ།
གཅིག་ནི་གཅིག་སྣོན་བདུན་གྱི་སྨན་ཁང་གི་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་སྤུས་ཚདང་དང་ཕན་འབྲས་མཐོ་རུ་གཏོང་བ།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ནད་ཐོག་སྨན་བཅོས་ཞབས་ཞུའི་ནུས་པ་དེ་ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་གྱི་ཀ་གསུམ་རིམ་པའི་སྨན་ཁང་གི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་དེ་དང་ཉེ་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནི་རྒྱལ་ཁབ་ཀྱི་ས་མཐོའི་ནད་ཀྱི༼བོད་ལྗོངས༽གསོ་རིག་ལྟེ་གནས་སུ་བསྐྲུན་ལ། གཞན་པའི་སྨན་ཁང་དྲུག་ནི་ནུབ་རྒྱུད་ས་ཁུལ་གྱི་རིམ་པ་གསུམ་པའི་སྨན་ཁང་གི་ཆ་སྙོམས་ཆུ་ཚད་ལ་སླེབས་ཡོད།
གཉིས་ནི་ནད་བརྟག་སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ།
སྨན་ཁང་བརྒྱད་ནི་ལྟེ་བ་ལྔ་སྟེ། བྲང་གཟེར་ལྟེ་གནས། ཀླད་ནད་སྐྱོབ་བཅོས་ལྟེ་གནས། རྨས་སྐྱོན་ལྟེ་གནས། སྦྲུམ་མ་ལྗིད་མོ་སྐྱོབ་བཅོས་ལྟེ་གནས། ཉེན་ཁ་ཆེ་བའི་བྱིས་པ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་བཅས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ། འཚབ་ཆེའི་ནད་རིགས་ཚན་ཁག་སྣ་མང་གིས་སྨན་བཅོས་བྱེད་པའི་ཐབས་ལམ་བཙུགས་ནས། ཉེན་ཁ་ཆེ་བའི་ནད་རིགས་མྱུར་དུ་སྐྱོབ་བཅོས་བྱེད་པའི་ཞབས་ཞུའི་ཕྱོགས་བསྡུས་སྟོབས་ཤུགས་གྲུབ་པར་བྱས་ཡོད།
གསུམ་ནི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་ཁྲིད་བྱེད་པ།
ས་གནས་ཁག་དང་གྲོང་ཁྱེར་གྱིས་ཉུང་མཐའ་ཡང་རྫོང་དང་ཤང་ལ་ཁྱབ་པའི་སྨན་བཅོས་མཉམ་འབྲེལ་སྨན་ཁང་ཞིག་བསྐྲུན་ནས་ཐོན་ཁུངས་མཉམ་སྤྱོད་དང་། དགེ་མཚན་གསབ་རེས། མཉམ་འབྲེལ་འཕེལ་རྒྱས་བཅས་ཀྱི་མཉམ་ལས་ནང་རྐྱེན་གྲུབ་པར་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཁང་ཡོངས་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།
བཞི་ནི་སྨན་བཅོས་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ།
འཕྲོད་བསྟེན་མི་ཤུགས་ཐོན་ཁུངས་ཀྱི་འབྲེལ་ཡོད་དམིགས་ཚད་དེ། དཔེར་ན་མི་གྲངས་སྟོང་གི་ལས་རོགས་སྨན་པའི་གྲངས་འབོར་དང་། མི་གྲངས་སྟོང་ཕྲག་གི་ཐོ་འགོད་ནད་གཡོག་གྲངས་འབོར། མི་གྲངས་ཁྲི་ཡི་ནུས་པ་ཀུན་ལྡན་གྱི་སྨན་པའི་ཁ་གྲངས་སོགས་ནི་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དང་ཉེ་བ།
ལྔ་ནི་སྡོད་དམངས་ཀྱི་བདེ་ཐང་གནས་ཚུལ་ལེགས་བཅོས་བྱེད་པའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ།
སྡོད་དམངས་ཀྱི་ལུས་ཁམས་བདེ་ཐང་གི་དམིགས་ཚད་གཙོ་བོ་སྟེ། སྦྲུམ་མ་ཤི་ཚད་དང་། ཕྲུ་གུ་དམར་འབྱར་ཤི་ཚད། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་ཚད། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་སོགས་ནི་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དང་ཉེ་བའམ་དེ་ལ་སླེབས་པ།
སྨན་ཁང་གི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
རིམ་པ་མཐོ་བའི་སྨན་ཁང་འཛུགས་སྐྲུན་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས་སྨན་ཁང་གི་འགན་ལེན་ལས་ཀའི་ནང་རྐྱེན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་ཆེན་དང་གྲོང་ཁྱེར་སྨན་ཁང་གི་སྔོན་ཐོན་ལག་རྩལ་ནང་འདྲེན་བྱས་ཏེ། ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་གྱིས་མཐོ་སྒང་གི་གསོ་རིག་སྟོང་ཆར་རབ་དང་རིམ་པ་བསྐང་ནས། ཁྱད་ལྡན་སྨན་བཅོས་ཚན་ཁག་སྐོར་ཞིག་རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་གི་མིང་བྱང་ལྟ་བུར་ཆགས་པར་བྱས་ཏེ། སྨན་ཁང་མགྱོགས་མྱུར་གྱིས་འཕེལ་རྒྱས་གཏོང་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསྒྱུར་བཀོད་གཏོང་བར་སྣེ་ཁྲིད་དང་སྐུལ་སྤེལ་བྱས་ཡོད།
རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་པེ་ཅིན་སློབ་ཆེན་གྱི་སྨན་ཁང་གསུམ་པས་པེ་ཅིན་དང་བོད་ལྗོངས་ཀྱི་ས་ཆ་གཉིས་ནས་བཅོས་དཀའ་བའི་ནད་རིགས་ལྗིད་མོར་རྒྱང་འཛིན་སློབ་ཁྲིད་དང་ནད་ཐོག་བརྟག་དཔྱད་བྱེད་པ། |
ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་སྨན་བཅོས་ཆེད་མཁས་དང་ས་གནས་རང་གི་སྨན་བཅོས་མི་སྣའི་བར་ཟླ་སྒྲིག་བྱས་པ། |
མཐོ་སྒང་གི་ལག་རྩལ་གྱི་སྟོང་ཆ་སྐོང་བར་འབད་བརྩོན་བྱེད་པ།
ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ།
ཤེས་ལྡན་མི་སྣ་ནི་ཐོག་མཐའ་བར་གསུམ་དུ་སྨན་ཁང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་བ་དང་། གསོ་སྐྱོང་དང་ནང་འདྲེན། བེད་སྤྱོད། འདུག་པ་བཅས་གཙིགས་སུ་བཟུང་སྟེ། སྨན་ཁང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་འཆར་འགོད་བཟོ་བར་ཁྲིད་སྟོན་བྱེད་པ་དང་། རྒྱུན་ཆད་མེད་པར་དགེ་རྒན་གྱི་སློབ་མ་ཁྲིད་པའི་ལས་ཀའི་ནང་རྐྱེན་ཇེ་ལེགས་སུ་གཏོང་བ། འབྲིང་རིམ་ལས་བྱེད་པ་འགྲན་བསྡུར་གྱི་ལམ་ནས་ལས་གནས་ལ་ཞུགས་པ་དང་། ཤེས་ལྡན་པ་ནང་འགུགས་ཀྱི་ལས་ཀ་ཏན་ཏན་ཏིག་ཏིག་གིས་སྤེལ་བ། ས་གནས་རང་གི་ཤེས་ལྡན་མི་སྣ་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་དུ་ལས་སྒོའི་གསབ་སྦྱོང་ལ་མངགས་པ་བཅས་བྱས་ནས། སྨན་ཁང་གི་འཕེལ་རྒྱས་ལ་རྒྱབ་རྟེན་རུང་བ་དང་། ནུས་པ་ལྡན་པ། འདུག་ཐུབ་པ་བཅས་ཀྱི་རྐང་འཛིན་མི་སྣ་སྐོར་ཞིག་གསོ་སྐྱོང་བྱས་ཡོད།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་པས་བོད་སྐྱོར་ཆེད་མཁས་པའི་མཛུབ་སྟོན་འོག་བྱིས་པའི་ལིང་ཏོག་གི་ནད་བཅོས་པ་དང་། བརྙན་ལམ་ནས་སློབ་མ་གཞན་དག་ལ་ཁྲིད་སྟོན་བྱེད་པ།
ལག་ཟུང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་གཏོང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྐབས་བཅུ་པའི་བོད་ལྗོངས་སྨན་བཅོས་བརྟག་ཆས་གླེང་སྟེགས་འགན་སྒྲུབ་བྱས། |
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྐབས་དང་པོའི་ཀྲུང་གོའི་མཐོ་སྒང་གི་བྲང་ཁོག་ནད་རིགས་ཚོགས་ཆེན་འགན་སྒྲུབ་བྱས་ཏེ། རྒྱལ་ནང་གི་བྲང་ཁོག་ནད་རིགས་དང་འབྲེལ་བའི་ཆེད་མཁས་པ་རྣམས་ལྷ་སར་འཛོམས་ནས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་མོལ་གནང་། |
ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་ཆེད་མཁས་པས་རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་དུ་ཁྲིད་སྟོན་གང་ལེགས་བྱེད་པ།
རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་གི་བཀོད་པ་རྙིང་ཚབ་གསར་བརྗེ་བྱས།
༢༠༡༥ལོ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་ཆེད་སྤྱོད་རྒྱབ་སྐྱོར་མ་དངུལ་བཀོད་སྒྲིག་བྱས་པ་དང་། རིགས་སོ་སོའི་མ་དངུལ་བསྡུ་རུབ་བྱས་ཏེ་བསྡོམས་པོས་སྒོར་དུང་ཕྱུར་སུམ་ཅུ་ལྷག་ཙམ་བཏང་ནས། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། ས་གནས་དང་གྲོང་ཁྱེར་བདུན་གྱི་མི་དམངས་སྨན་ཁང་། རྫོང་རིམ་པའི་སྨན་ཁང་བཅུ་གསུམ་བཅས་རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་རྣམས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། སྨན་བཅོས་སྒྲིག་ཆས་ཆེ་གྲས་ཉོ་སྒྲུབ་དང་གསར་བརྗེ། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་བྱས་པས། དེང་རབས་ཅན་གྱི་སྨན་ཁང་རེ་རེ་གངས་ཅན་མཐོ་སྒང་ནས་འཛུགས་སྐྲུན་བྱས་པ་དང་། ༣.༠Tཅན་གྱི་ནད་རིགས་བརྟག་དཔྱད་འཕྲུལ་ཆས་དང་། ༡༢༨ཅན་གྱི་ཟེར་མཐོང་བརྟག་དཔྱད་འཕྲུལ་ཆས། ཏ་ཧྥུན་ཆི་གཤག་བཅོས་འཕྲུལ་མི་སོགས་སྨན་བཅོས་སྒྲིག་ཆས་རྩེ་གྲས་སྐོར་ཞིག་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་སྨན་ཁང་དུ་ནང་འདྲེན་དང་བཀོལ་སྤྱོད་བྱས།
༢༠༡༥ལོའི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་། |
༢༠༢༠ལོའི་ཟླ་༥པར་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གསར་པ་དངོས་སུ་བེད་སྤྱོད་བྱས། |
ལྷོ་ཁ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་གིས་འཛུགས་སྐྲུན་བྱས་པའི་རིག་ནུས་སྨན་རྫས་ཁང་དུ་རིག་ནུས་ལ་བརྟེན་ནས་སྨན་རྫས་སོ་སོར་བཀྲམས་པ། |
གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཟེར་མཐོང་བརྟག་ཆས། T |
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཉིང་རྡུལ་ཁབ་ལེན་གྱི་ནད་བརྟག་འཕྲུལ་ཆས། |
ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཁམས་གསོ་འཕྲུལ་མི། |
ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ 15—yc36110——04མཐོ་གནོན་དབྱང་དབུགས་གསོག་འཇོག་ཁང་ནང་རོལ་གྱི་རྣམ་པ། |
རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་གསར་རྙིང་གི་ཕྱི་ཡི་བཀོད་པ་བསྡུར་བ།
ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གསར་དུ་བསྐྲུན་པའི་སྒོ་བསྟེན་སྨན་ཁང་། |
དུས་རབས་༢༠་ལོ་རབས༨༠ནང་གི་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཕྱི་ཡི་བཀོད་པ། |